ལེའུ་ཉེར་དྲུག་པ། རྒྱུད་བཞིའི་མཇུག་དོན་བསྡུས་པ།

 

ལེའུ་ཉེར་དྲུག་པ། རྒྱུད་བཞིའི་མཇུག་དོན་བསྡུས་པ།

    དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་དྲང་སྲོང་རིག་པའི་ཡེ་ཤེས་ལ་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །རྒྱུད་བཞིའི་མཇུག་དོན་བསྡུ་ན་གང་དུ་འདུས། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། ཞེས་ཞུས་པ་དང༌།      སྟོན་པས་འདི་སྐད་ཅེས་གསུངས་སོ།

     ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། །མདའ་གཤའ་ཕང་བ་བཀང་ཡང་གཏད་ས་མདེ་རྩེ་གང༌། །སོ་ནམ་དུས་བཞིར་བཙལ་ཡང་མདོ་དོན་ལྟོ་རྒྱབ་གཉིས། །རྣམ་གྲངས་དུ་མར་ཕྱེ་ཡང་འབྲས་བུ་གྲུབ་པར་བསྡུ། །དེ་བཞིན་རྒྱུད་དང་ཡན་ལག་གནས་སྐབས་མདོ། །དུ་མར་བརྗོད་ཀྱང་མདོ་དོན་རྣམ་པ་གཉིས། །ནད་དང་ནད་མེད་བྱ་བ་ཧྲིལ་གྱིས་དྲིལ། །ནད་མེད་དོན་དུ་རྒྱུན་སྤྱོད་དུས་སྤྱོད་དང༌། །བཅུད་ལེན་རོ་ཙ་བཞི་རུ་ཤེས་པར་གྱིས། །ཟས་དང་སྨན་གཉིས་ཐུན་མོང་སྤྱི་རུ་སྦྱོར།

    ནད་པའི་བྱ་བ་གཞི་བརྟག་གསོ་བ་གསུམ། །ནད་ལ་བཞི་བརྒྱ་རྩ་བཞིར་ཕྱེ་ན་ཡང་། །ཚ་གྲང་གཉིས་སུ་མ་འདུས་ནད་གཞན་མེད། །ངོས་བཟུང་བརྟག་ལ་སྟོང་དང་ཉིས་བརྒྱ་ཡང༌། །བལྟ་རེག་དྲི་བར་མ་འདུས་བརྟག་ཐབས་མེད། །རེག་པ་རྩ་ལ་འཚོ་འཆི་དཔྱད་པས་རྟོགས། །བལྟ་བ་ཚ་གྲང་ཆུ་ལ་མཐོང་བས་གསལ། །སློང་རྐྱེན་གར་བབས་ན་ལུགས་དྲིས་པས་ཤེས།

    གསོ་བྱེད་གཉེན་པོ་སྟོང་དང་རྩ་གཉིས་ཀྱང༌། །སྨན་དཔྱད་ཟས་སྤྱོད་བཞི་རུ་མ་འདུས་མེད། །ཞི་སྦྱོང་གཉིས་སུ་མ་འདུས་སྨན་གཞན་མེད། །བསིལ་དྲོད་གཉིས་སུ་མ་འདུས་ཞི་བྱེད་མེད། །དྲག་འཇམ་གཉིས་སུ་མ་འདུས་སྦྱོངས་གཞན་མེད། །འཇམ་རྩུབ་གཉིས་སུ་མ་འདུས་དཔྱད་གཞན་མེད། །ཕན་གནོད་གཉིས་སུ་མ་འདུས་ཟས་གཞན་མེད། །དྲག་དལ་གཉིས་སུ་མ་འདུས་སྤྱོད་ལམ་མེད།

  གསོ་ཐབས་ལག་ལེན་སུམ་བརྒྱ་དྲུག་ཅུ་ཡང༌། །ངོས་བཟུང་གསོ་ཚུལ་གསོ་ཐབས་གསུམ་དུ་འདུས། །ཀྱེ་དྲང་སྲོང་ཆེན་པོ་དེ་ལྟར་ཤེས་པར་གྱིས། །ནད་ངོས་ཐམས་ཅད་བལྟ་རེག་དྲི་བས་བཟུང༌། །ལྟར་སྣང་ལྔ་ཕྲུགས་ཚ་གྲང་འཁྲུལ་སོ་བསལ། །བཅོས་ཚུལ་དགུ་ཡིས་ནད་དང་གཉེན་པོ་སྤྲོད། །ལག་ལེན་བཅོ་བརྒྱད་ནད་ཀྱི་ངོ་བོ་གཞོམ། །ལེའུ་དྲུག་པས་མདོར་བསྟན་རྩ་བ་བཟུང༌། །བཤད་པའི་རྒྱུད་ཀྱིས་གསོ་རིག་སྤྱི་ཁོག་ཁྲོལ། །མན་ངག་རྒྱུད་ཀྱིས་གང་བྱུང་ནད་རྣམས་གསོ། །ཕྱི་མ་རྒྱུད་ཀྱིས་ལག་ལེན་མདོ་དོན་དྲིལ། །ཞི་བྱེད་ཐམས་ཅད་སྡེ་ཚན་ལྔ་བཞིན་སྦྱོར།།སྦྱོང་བྱེད་ཐམས་ཅད་ལས་ལྔའི་ནང་བཞིན་སྦྱོངས། །དཔྱད་རྣམས་གང་བྱེད་དཔྱད་ལྔའི་ནང་བཞིན་སྦྱོར། །རླུང་མཁྲིས་བད་ཀན་གསུམ་གྱིས་སྤྱི་ཁོག་ཕུག །རང་རང་ནད་ཀྱི་གསོ་ཐབས་མདེ་ཁར་ཐོགས།

    དུག་དང་སྨུག་པོ་ཚ་བ་རྙིངས་པ་གསུམ། །གཅིག་ལ་གཅིག་ཕན་རྟགས་དང་བཅོས་ཐབས་འཕྲུལ། །མ་ཞུ་ལྷེན་དང་མེ་དྲོད་ཉམས་པ་གསུམ། །གཅིག་ལ་གཅིག་ཕན་རྟགས་དང་བཅོས་ཐབས་འཕྲུལ། །འོར་དང་སྐྱ་རྦབ་དམུ་རྫིངས་རྣམ་པ་གསུམ། །གཅིག་ལ་གཅིག་ཕན་རྟགས་དང་བཅོས་ཐབས་འཕྲུལ། །དེ་བཞིན་སྐྲན་དང་ཁོང་འབྲས་བཅོས་ཐབས་འཕྲུལ། །འབྲས་དང་སུར་ཡ་རྨ་རྒན་རྣམ་པ་གསུམ། །གཅིག་ལ་གཅིག་ཕན་རྟགས་དང་བཅོས་ཐབས་འཕྲུལ། །འཁྲུ་ནད་རྒྱུ་གཟེར་ཚད་པས་འཁྲུ་བ་གསུམ། །གཅིག་ལ་གཅིག་ཕན་རྟགས་དང་བཅོས་ཐབས་འཕྲུལ། །དྲེག་དང་གྲུམ་བུ་རྐང་བམ་རྟགས་བཅོས་འཕྲུལ།

  རིམས་ལ་མ་སྨིན་སྟོངས་ཚད་གཅེས་པར་ཟུངས། །འགྲམས་དང་འཁྲུགས་ལ་རྒྱས་ཚད་གཅེས་པར་ཟུངས། །དུག་དང་སྨུག་པོ་རྙིངས་ཚད་གཅེས་པར་ཟུངས། །བད་མཁྲིས་ནད་ལ་གབ་ཚད་གཅེས་པར་ཟུངས། །ཚད་པ་ཀུན་ལ་ཞུ་འཁྱགས་གཙོ་བོར་ཟུངས། །ཕོ་མཆེར་མཁལ་ནད་བད་ཀན་གཙོ་བོར་ཟུངས། །གློ་མཆིན་མཁྲིས་པ་ཚད་པ་གཙོ་བོར་ཟུངས། །སྙིང་སྲོག་ལོང་ལ་རླུང་ཉིད་གཙོ་བོར་ཟུངས། །ཁོང་ནད་ཀུན་ལ་ཕོ་བ་གཙོ་བོར་ཟུངས། །ཚད་ནད་བསིལ་གྱིས་མ་ཐུབ་ལོག་གནོན་དྲོད། །གྲང་ནད་དྲོད་ཀྱིས་མ་ཐུབ་ལོག་གནོན་བསིལ། །ཚིག་འདི་དཔེ་ལ་མ་བཞག་དོན་ལ་ལོང༌། །དོན་འདི་ཡལ་བར་མ་བཏང་སེམས་ལ་ཆོངས། །མན་ངག་ཁ་ཁྱེར་མ་བྱེད་དོན་ལ་ལོང༌། །སྨན་དཔྱད་ཤེས་ལོ་མ་བྱེད་རྟོག་དཔྱོད་གཟོབས། །མི་སྲོག་ཚོད་ལེན་མ་བྱེད་གདེངས་ལྡན་སློབས། །ལག་འཛུད་མ་སྔ་ནད་ཀྱི་སྐད་ལ་དྲིས། །དཔྱད་སྙིང་མ་ཆེ་སྨན་པའི་ལག་དགྲས་འཕུང༌། །རི་ཐང་མཚམས་སུ་སྤྱང་སྟེ་ཁྲ་འདྲས་དགོས། །ནད་ཟོ་ལེན་དུས་གླན་ཏེ་ལུག་འདྲས་དགོས། །ནད་གཉའ་གཅོག་དུས་སྡར་ཏེ་ཝ་འདྲས་དགོས། །དཔྱད་ལོག་བྱེད་དུས་དཔའ་སྟེ་སྟག་འདྲས་དགོས། །ཞེས་གསུངས་སོ།

དེ་ནས་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ།

   ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །རོ་ནུས་ཞུ་རྗེས་སྦྱོར་བ་མི་དགོས་པའི། །གཅིག་གིས་ནད་སེལ་སྨན་མཆོག་ཡོད་དམ་མེད། །སྦྱར་བའི་སྨན་ལ་གང་གང་མཆོག་ཏུ་འགྱུར། །དེ་བཞིན་ཟས་སྤྱོད་ཀུན་གྱི་མཆོག་གང་ལགས། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པས། །སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ།

    ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། །ཁྱོད་ཀྱིས་ཞུས་པའི་དོན་ལ་ལན་མེད་ན། །ཉན་ཐོས་འགོག་པའི་གོལ་སར་ཤོར་ར་རེ། །དེ་ཕྱིར་དྲིས་ལན་བཤད་ཀྱིས་གུས་པས་ཉོན།

    ནད་རྣམས་ཀུན་ལ་ཨ་རུ་ར་ཉིད་མཆོག །རླུང་ལ་རུས་ཁུ་བུར་རྙིང་སྒོག་སྐྱ་མཆོག །མཁྲིས་པར་ཏིག་ཏ་གསེར་གྱི་མེ་ཏོག་མཆོག །བད་ཀན་ན་ལེ་ཤམ་དང་སྦྲང་རྩི་མཆོག །ཁྲག་ལ་བ་ཤ་ཀ་དང་ཧོང་ལེན་མཆོག །བད་ཀན་སྨུག་པོའི་ནད་ལ་ཅོང་ཞི་མཆོག །མ་ཞུ་བ་ལ་ཁ་རུ་ཚྭ་ཉིད་མཆོག །སྐྲན་གྱི་ནད་ལ་རྡོ་ཐལ་བསྲེགས་ཁུ་མཆོག །དམུ་རྫིངས་ནད་ལ་དར་ཡ་ཀན་ཉིད་མཆོག །སྐྱ་རྦབ་ནད་ལ་ད་ལིས་ལྕགས་ཕྱེ་མཆོག །འོར་གྱི་ནད་ལ་སྲད་དཀར་བ་ཆུ་མཆོག །གཅོང་ཆེན་ནད་ལ་ཤ་ཆང་འོ་མ་མཆོག །རིམས་ལ་པར་པ་ཏ་དང་གླ་སྒང་མཆོག །འཁྲུགས་ལ་ཙན་དན་དཀར་པོ་ཧོང་ལེན་མཆོག །ཚད་པ་ཀུན་ལ་གི་ཝཾ་མཆོག་ཏུ་བཤད། །དུག་ལ་ཨ་རུ་ར་དང་ཉུང་མ་མཆོག །ཤ་ཡི་དུག་ལ་བྱེའུ་ལ་ཕུག་མཆོག །གཉན་ནད་ཀུན་ལ་གུ་གུལ་གླ་རྩི་མཆོག

   མིག་ལ་སྐྱེར་པའི་ཁཎྜ་འབྲས་གསུམ་མཆོག །ཁ་ཡི་ནད་ལ་མངར་གྱི་མཁུར་བཀང་མཆོག །སྙིང་གི་ནད་ལ་ཛཱ་ཏི་ཕ་ལ་མཆོག །གློ་བའི་ནད་ལ་ཅུ་གང་མཆོག་ཏུ་བཤད། །མཆིན་པའི་ནད་ལ་གུར་ཀུམ་བྲག་ཞུན་མཆོག །མཆེར་ནད་ཀ་ཀོ་ལ་དང་དྲོད་སྨན་མཆོག །མཁལ་མའི་ནད་ལ་སུག་སྨེལ་མཆོག་ཏུ་བཤད། །ཕོ་བའི་ནད་ལ་སེ་འབྲ་མཆོག་ཡིན་ནོ།

   གཅིན་སྙི་སྐྱུ་རུ་ར་དང་ཡུང་སྐྱེར་མཆོག །ཆུ་སྲི་རྒྱ་ཚྭ་གསེར་གྱི་བྱེ་མ་མཆོག །སྐྱུག་ལ་འབྲས་ཡོས་འཁྲུ་ལ་དུག་ཉུང་མཆོག །གློ་ལ་ཨ་ཀྲོང་ཀཎྜ་ཀ་རི་མཆོག །གློ་རྡོལ་རྒྱ་སྐྱེགས་སྲན་མའི་མེ་ཏོག་མཆོག །སྐོམ་པའི་ནད་ལ་སོ་ཕག་བསྲེགས་ཁུ་མཆོག །རྩིབ་ལོགས་གཟེར་ལ་པུཥྐར་མཱུ་ལ་མཆོག །གཞང་འབྲུམ་དར་བ་སྲིན་ལ་བྱི་ཏང་ག །གླང་ཐབས་ཐང་ཕྲོམ་ཁོང་འབྲས་འབམ་པོ་མཆོག །དྲེག་ལ་སླེ་ཏྲེས་གྲུམ་བུར་བོང་ཁྲག་མཆོག །ཆུ་སེར་དངུལ་ཆུ་མཛེ་ལ་སེང་ལྡེང་མཆོག །སྨྱོ་ལ་མར་རྙིང་བརྒྱལ་ལ་ཆུ་ཕྲུ་མཆོག །གཉིད་མེད་འོ་མ་ལྐོག་ནད་ཉ་ཁུ་མཆོག །མེས་འཚིག་རྨ་ལ་སིནྔྷུ་ར་ཉིད་མཆོག །རུས་ཆག་སྦལ་རྒྱབ་རུལ་གཅོད་དངུལ་ཐལ་མཆོག །ཁྲག་གཅོད་སྤྲུ་འབུ་རྨ་ལ་དོམ་མཁྲིས་མཆོག

   སྦྱར་སྨན་རྒྱས་ཚད་ག་བུར་རྒྱལ་བློན་མཆོག །རིམས་ཀྱི་ནད་ལ་དེ་བ་ལྔ་སྦྱོར་མཆོག །འཁྲུགས་ཀྱི་ནད་ལ་ག་བུར་བདུན་པ་མཆོག །རྙིངས་ཚད་ཀུན་ལ་ཉི་ཤུ་རྩ་ལྔ་མཆོག །ཚད་པ་ཀུན་ལ་གཙོ་བོ་བརྒྱད་སྦྱོར་མཆོག །ཚ་གྲང་འདྲེས་ལ་ཅུ་གང་བདེ་བྱེད་མཆོག །ལྡན་ཚད་འབྱེད་ལ་མ་ནུ་བཞི་ཐང་མཆོག །ཁྲག་ངན་འབྱེད་ལ་འབྲས་བུ་གསུམ་ཐང་མཆོག །དུག་ནད་ཀུན་ལ་མང་སྦྱོར་ཆེན་མོ་མཆོག །དང་ག་འབྱེད་ལ་སེ་འབྲུ་བཞི་པ་མཆོག །མེ་དྲོད་སྐྱེད་ལ་རྒོད་མ་ཁ་ཕྱེ་མཆོག །གྲང་ནད་ཀུན་ལ་སེ་འབྲུ་བརྒྱད་པ་མཆོག །སྐྲན་ནད་ཀུན་ལ་འཕྲུལ་གྱི་ཐལ་སྨན་མཆོག །སྨུག་པོའི་ནད་ལ་གཉེན་པོ་བདུན་སྦྱོར་མཆོག །སྙིང་རླུང་ནད་ལ་བཙན་དུག་སྨན་མར་མཆོག །ཆུ་འགགས་ནད་ལ་ཚ་སྦྱོར་ཆེན་མོ་མཆོག །མིག་གི་ནད་ལ་གསལ་བྱེད་དགུ་པ་མཆོག །གཉན་སྲིན་ནད་ལ་བྱ་ཁྱུང་ལྔ་པ་མཆོག

   ཁྲག་ནད་དཔྱད་མཆོག་ཀུན་ལ་གཏར་ག་མཆོག །མཁྲིས་པའི་ནད་ལ་ཁྲུས་དང་སྦྱང་བ་མཆོག །བད་ཀན་ནད་ལ་སྐྱུགས་དང་མེ་བཙའ་མཆོག །རླུང་གི་ནད་ལ་བསྐུ་མཉེ་འཇམ་རྩི་མཆོག །འབྲས་ཀྱི་ནད་ལ་ལུམས་དང་མེ་བཙའ་མཆོག

   ཟས་ཀྱི་མཆོག་ཏུ་ནས་རྙིང་རྩམ་པ་མཆོག །སྐོམ་གྱི་མཆོག་ཏུ་ཤོང་དཀར་རྩེ་མོ་མཆོག །མི་རྔུལ་བཅག་པ་སྤྱོད་ལམ་མཆོག་ཡིན་ནོ། །དེ་ལྟར་ནད་གཞི་རྣམས་ཀྱི་སྨན་གྱི་མཆོག །བཤད་པས་མཐུ་སྟོབས་ནུས་པ་ཕུལ་དུ་ཕྱིན། །ཞེས་གསུངས་སོ།

དེ་ནས་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ།

    ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །ད་ལྟ་དུས་བཟང་སྤྱོད་པ་བཙུན་གྱུར་ཀྱང༌། །ལྔ་བརྒྱའི་དུས་ན་ནད་ངན་དར་བའི་ཚེ། །དེ་དུས་བདག་གཞན་སྲུང་ཐབས་ཡོད་དམ་མེད། །མེད་ན་གཞན་གསོ་རང་ལ་མི་འབྱུང་ངམ། །ཡོད་ན་འགྲོ་བའི་མགོན་པོས་བཀའ་སྩལ་འཚལ། །ཞེས་ཞུས་པ་ལས། །སྟོན་པས་གསུངས་པ། །ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། །བདེན་ནོ་ཁྱོད་བདེན་ངས་བཤད་གུས་པས་ཉོན། །ལན་ཅིག་ལྔ་བརྒྱའི་ཐ་མར་བབ་དུས་ན། །འབྱུང་པོ་རྣམས་ཀྱིས་གློ་བུར་ཡེ་འདྲོག་གཏོང༌། །མ་མོ་མཁའ་འགྲོས་ནད་ངན་ཡམས་སུ་འབེབས། །མུ་སྟེགས་གདུག་པས་རྫས་ཀྱི་སྦྱོར་བ་བྱེད། །དེ་དུས་བདག་གཞན་སྲུང་བ་ཤིན་ཏུ་གཅེས།

   དང་པོ་འབྱུང་པོའི་གདོན་ཚོགས་སྲུང་བ་ནི། །ག་བུར་བཟང་པོ་དྲུག་ལ་སོགས་པ་ཡི། །གླ་རྩི་ཤིང་ཀུན་གུ་གུལ་ཤུ་དག་སོགས། །དྲི་དང་ལྡན་པའི་སྨན་ནི་ཐམས་ཅད་དང།༌། བ་བླ་ལྡོང་རོས་མུ་ཟི་བྱ་རྒོད་སྤོས། །ས་རྡོ་སྔོ་སྨན་དྲི་ཅན་ཐམས་ཅད་དང༌། །བསེ་དྲི་ཅན་དང་བཤུལ་ཆགས་ཤ་རྣམས་དང༌། །བྱ་གཅན་ར་ལུག་ལ་སོགས་སེམས་ཅན་གྱི། །སྤུ་བྲུན་ཆུ་དང་སེན་མོ་མཁྲིས་པ་དང༌། །སྦལ་སྦྲུལ་ཉ་དང་ལྗོང་མོ་ལ་སོགས་ཤ། །འབྲ་སྣ་དུག་སྣ་ཁྲག་སྣ་ཀུན་བསགས་ལ། །ཞིབ་ཏུ་བཏགས་ལ་རིལ་བུ་དྲིལ་བྱས་ཏེ། །དུ་བས་བདུག་དང་ཁུ་བ་བསྐུ་བ་དང༌། །ཁོང་དུ་བཏང་བས་འབྱུང་པོ་ཐམས་ཅད་འབྱེར། །སྟེང་གདོན་འོག་གདོན་ཀུན་དང་རིམས་རྣམས་ཐུབ།

  ཁྱད་པར་རིམས་སྲུང་སྤྱི་དང་བྱེ་བྲག་གཉིས། །སྤྱི་རུ་སྲུང་ཐབས་སྔགས་དང་རྫས་གཉིས་ཏེ། །དང་པོ་རང་ཉིད་མཐུ་སྟོབས་བདག་པོར་བསྐྱེད། །ཨོཾ་ཧྲི་དེ་བ་ལེ་ཁ་ཕུར། ཨ་ཏི་ཕུར། བི་ཕུར་སོད། བི་ཧུབ་སོད། མུར་ཡ་སོད། ཀུ་མ་ར་ཡ་སོད། ལ་ཙི་སོད། བནྔྷ་བནྔྷ་སོད། བཛྲ་པ་ནེ་པ་ནེ་སོད། ཧྲི་དེ་ཧྲི་དེ་སོད། ཏི་ཀ་ཛྙཱ་ན་སོད། མ་མ་དུ་རུ་སོད། པུ་ཙ་ཡོ་གི་ནི་སོད། བརྒྱ་རྩ་བརྒྱད་ཀྱིས་རྒྱུན་གྱི་ཡི་དམ་བྱ། །ཡུལ་ཕྱོགས་ཡོད་ན་སུམ་བརྒྱ་བཟླ་བར་བྱ། །ནད་པ་གསོ་ན་སུམ་ཡར་མ་ཆག་བཟླ། །ཨོཾ་མུག་ཐུམ་སརྦ་མུག་ཐུམ། ཏེ་ཙ་མུག་ཐུམ་ཐེ་ཕུར་སོད། ནི་ཕུར་སོད། བྱ་རྐང་སོད། ནད་སོད། རིམས་སོད། དལ་སོད། ཡམས་སོད་སྭཱཧཱ། སུམ་ཡར་བརྒྱ་རྩ་མཆིལ་མ་སྲིན་ལག་གིས། །རྐང་མཐིལ་དྲི་མ་སྣུར་ལ་སྣ་སྒོར་བྱུག །རྫས་སྲུང་བཙན་དུག་ཆོས་སྨན་གླ་རྩི་དང༌། །ཤུ་དག་གུ་གུལ་མུ་ཟི་བྱ་རྒོད་སྤོས། །སྒོག་སྐྱ་དྲི་ཆེན་ཆུ་ཡིས་རིལ་བུ་བྱ། །ནང་རེ་སུམ་ཡར་གོང་བཞིན་ཤེས་པར་བྱ། བཙན་དུག་གླ་རྩི་མུ་ཟི་ཤུ་དག་དང༌། །གུ་གུལ་དཀར་ནག་གཉིས་དང་སྒོག་སྐྱ་ཡི། །ཁྲོལ་བུའི་ཐུམ་བུ་སྐེར་བཏགས་སྣ་སྒོར་བདུག །དེ་ཡིས་རིམས་ནད་བསྐལ་པའི་མེ་འབར་ཡང༌། །རང་ལུས་རྡོ་རྗེ་འདྲ་སྟེ་ཅིས་མི་ཚུགས། །ལྟོ་སྟོང་སེམས་ཞུམ་དུས་སུ་ནད་དྲི་བསྲུང༌། །འགྲངས་ངོམས་སྲུང་བས་དཔའ་སྐྱེད་དེ་དུས་བལྟ། །དུས་ཐུག་བདུད་རྩི་གཉིས་ཀྱིས་སྒོ་དགུ་བསྡམ། །སྲུང་བ་མི་ལྡན་རིམས་ནད་བག་མེད་འཆོས། །དམག་གདོང་གཅེར་བུར་རལ་ཁ་བྱེད་དང་མཚུངས། །ཁྱ

   ད་པོ་ཚ་རིམས་སྲུང་དང་འབྲུམ་པ་སྲུང༌།  གག་ལྷོག་སྲུང་དང་རྒྱུ་གཟེར་ཆམ་པ་བསྲུང་། ། རང་གིས་སྲུང་བའི་དམ་ཚིག་མ་ཐུབ་པར། །རིམས་འགོས་དྲང་སྲོང་བཀའ་ལ་ཡིད་མི་ཆེས། །གཞུང་བཞིན་སྤྱོད་དང་བསླུས་ན་ང་རང་ཤེས།

   རྫས་སྦྱོར་དུག་གི་སྲུང་ཐབས་རྣམ་པ་གསུམ། །དུ་བ་སྣ་སྒོ་རེག་པ་ཆུ་སྒོ་བསྲུང༌། །རླངས་པ་ཉི་ཟེར་བསྲུང་བ་གཉིས་ཀ་གཅེས། །ཟས་ལ་བསྐུར་བ་ཁོང་སྲུང་འདི་ཉིད་ལ། །ཆར་མའི་ཉུང་མ་ཁ་ཚོས་བྱས་པ་དང༌། །ཨ་རུ་གསེར་མདོག་ཡུངས་དཀར་སུམ་ཆ་མཉམ། །སྒོག་གཅིག་ཆུས་སྦྲུ་རིལ་བུས་ཞག་རེ་ཐུབ། །ཆག་ཚད་ངོས་འཛིན་ཞུ་ལོང་མེད་པར་སྐྱུག

  ཟས་ལ་བསྐུར་བ་ཁོང་སྲུང་འདི་ཉིད་ལ། །ཆར་མའི་ཉུང་མ་ཁཎྜ་བྱས་པའམ། །འདྲེད་བྱེད་ཚུལ་གཉིས་འཁྲེན་དང་ བྱ་ར་བ། དོན་སྣོད་སྒོ་སྲུང་མན་ངག་སྨན་གསུམ་སྦྱར། རིལ་བུ་བཞི་ལྔ་ཚེས་གཅིག་ནང་པར་ནས། །རྩ་ཁ་ཕྱེ་ལ་ཞག་དགུ་རེ་རེ་བསྐྱེད། །སྔ་དྲོའི་ཟས་བསྲུང་ལྟོ་འཇམ་དྲོད་བཅུད་བསྟེན། །རྫོགས་ནས་ནང་མ་གསུམ་དུ་རྩ་ཁ་བསྡམ། །དེ་ཡིས་ལོ་རེའི་བར་དུ་ཉམ་ང་མེད།

   སྨན་མཆོག་རྒྱལ་པོ་ཀུན་གྱི་གཉེན་པོ་དང༌། །བྱ་ར་བ་དང་འདྲེད་བྱེད་འཁྲེན་བྱེད་དང༌། །དོན་སྣོད་ཤ་རུས་རྩ་ཡི་སྒོ་སྲུང་དང༌། །རླུང་མཁྲིས་བད་ཀན་ཁྲག་དང་ཆུ་སེར་སྲིན་།འདུ་བ་འཁྲུགས་པའི་ཁ་གནོན་གཉེན་པོ་དང༌། །དབྱིག་དུག་སྲུང་དང་འཇོམས་པའི་གཉེན་པོ་དང༌། །རྡོ་དུག་སྲུང་དང་འཇོམས་པའི་གཉེན་པོ་དང ༌། །རྩི་དུག་སྲུང་དང་འཇོམས་པའི་གཉེན་པོ་དང༌། །སྔོ་དུག་སྲུང་དང་འཇོམས་པའི་གཉེན་པོ་དང༌། །ཤ་དུག་སྲུང་དང་འཇོམས་པའི་གཉེན་པོ་དང༌། །དུག་ནད་སྤྱི་འཇོམས་འཁོར་གྱི་དམག་མི་དང༌། །ཚ་བ་སྤྱི་བཅོས་སྨན་རྣམས་རྩི་བཞིན་བཏགས། །དར་ལ་བཙགས་ལ་ཉུང་མའི་ཁཎྜ་ཡི། །རིལ་བུ་སྲན་སྦོས་ཙམ་དྲིལ་གྲིབ་སྐམས་བྱ། །ཚེས་གཅིག་ནང་མ་གསུམ་ནི་དྲི་ཆུས་འཕུལ། །དེ་ཡིས་ཟླ་བ་རེ་རེའི་བར་དུ་ཐུབ། །གསོ་ཡང་རང་གྲོལ་སྨན་གྱི་རྒྱལ་པོ་ཡིན།

   ཆར་ཉུང་འབྲས་བུ་གསུམ་དང་རྩ་བ་ལྔ། །གཙོ་བོ་དྲུག་ལ་སྨན་མར་ཚུལ་བཞིན་སྦྱར། །དེ་ལ་གོང་གི་སྨན་ཕྱེ་ཁ་ཚར་བཏབ། །མངར་དང་སྦྱར་ལ་སྟོན་ཟླ་ཐ་ཆུང་བཏང༌། །ཟད་ཀའི་དྲི་ཆེན་དྲི་ཆུ་བར་པ་གཉིས། །འཁར་གཞོང་ནང་དུ་ཆོས་སྨན་གསུམ་སྦྱར་ལ། །རས་གཙང་སྣོད་བླུག་མཁན་གསེབ་ཞག་བདུན་བསྲུལ། །གྲིབ་ལྷགས་སྐམས་ཕྱེ་ཐུན་བདུན་ཆང་གིས་འཕུལ། །དུག་རིགས་མ་ལུས་མ་ཤིའི་བར་དུ་ཐུབ།

   ཀུན་ལ་ཟས་དང་སྤྱོད་ལམ་འཇིག་རྩི་བསྲུང༌། །ནད་དང་སྦྱོར་བ་འཇིག་རྩི་བྱུང་ན་བསྐྱར། །དུ་བ་རླངས་པ་རིམས་དྲི་སྣ་ནས་འཇུག །དེ་ཕྱིར་ཀུན་ལས་རྒྱལ་བའི་རྩ་སྒོ་བསྲུང༌། །ག་བུར་དྲི་ཆུ་ཅོང་ཞི་ལག་མཐིལ་སྦྱར། །ནང་མ་བདུན་དུ་སྣར་རྔུབ་དེ་རྗེས་ལ། །ཛཱ་ཏི་གུར་ཀུམ་ནཱ་ག་གེ་སར་དང༌། །སྤང་རྒྱན་ཙན་དན་དམར་པོའི་དུ་བས་བདུག །ཁེགས་རྟགས་མགོ་ལུས་ལྕི་འདར་ཕྲུམ་སེར་ཁྱེར། །དུག་གདོན་རིམས་རྣམས་སྲུང་བའི་མཆོག་ཏུ་བཤད།

    བ་སྤུའི་སྒོ་སྲུང་ཙན་དན་མར་ཁུ་དང༌། །ཟོ་མར་རྩི་མར་ཤིང་མངར་མི་ཚིལ་རྣམས། །བསྡུས་ཁུ་དྲོད་མ་ཡལ་བའི་ནང་དག་ཏུ། །ཛཱ་ཏི་གུར་ཀུམ་གླ་རྩི་སྤང་སྤོས་དང༌། །སྤང་རྒྱན་སྦྱར་ཏེ་ལུས་ཀུན་བཀྲུས་རྗེས་བྱུག །ཡང་ན་གླ་རྩི་ཕག་ཚིལ་སྦྲུལ་ཤ་དང༌། །སྡིག་སྲིན་མུ་ཟི་ར་ཁྲག་བསེ་མར་ཁུར། །ཡང་ན་ག་བུར་བསིལ་གསུམ་ཙན་དན་དང༌། །གླ་རྩི་ཆོས་སྨན་ཕག་ཚིལ་ར་ཁྲག་བྱུག །བ་སྤུའི་སྒོ་འགགས་ལུས་སྦྲིད་ལྕི་བ་ཡིན། །རེག་པ་ཉི་ཟེར་རླངས་ཀྱིས་ཉམ་མི་ང༌། །ཞེས་གསུངས་སོ།

No comments:

Post a Comment

  བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་ རྒྱུད་ཅེས་བྱ་བ་བཞུགས་སོ། ། The Fourth Part Called Subsequent ...